2013年1月21日星期一

its also set Tibetan culture on fire if we Tibetan don't celebrate Tibetan new year

ལོ་གསར་མི་གཏོང་བ་ནི་རིག་གཞུང་རང་སྲེག་ཡིན།

སྤོབས་པ་མཐའ་ཡས།
  • ལོ་གསར་གྱི་གལ་ཆེའི་རང་བཞིན་གླེང་བ།
  • ལོ་གསར་ནི་ང་ཚོའི་གཅིག་གྱུར་མཚོན་རྟགས་ཤིག་ཡིན།
  • ལོ་གསར་མི་གཏོང་བ་ནི་རིག་གཞུང་རང་སྲེག་ཡིན།
  • ཆོས་སྲིད་བྱེད་སྒོ་རྐྱང་པས་ལོ་གསར་གྱི་ཚབ་བྱེད་མི་རུང་།
  • ལོ་གསར་མེད་པ་ནི་རྒྱལ་གཅེས་དཔའ་བོའི་དགོངས་བཞེད་མིན།
  • ལོ་གསར་གོ་མ་མྱོང་བའི་བོད་ཀྱི་མི་རབས་གསར་པ།
  • ལོ་གསར་ནི་ནོར་བུ་ཞིག་ཡིན།
    ལོ་གསར་གྱི་གལ་ཆེའི་རང་བཞིན་གླེང་བ། ཉེ་སྔོན་ཁ་བརྡར་ངས་ལོ་གསར་གཏོང་དགོས་སྐོར་ཞིག་བཤད་པར་གསལ་ཁ་འདོན་ཆེད་དུ་དེ་རིང་འདིར་ཡང་དེའི་སྐོར་ལ་གླེང་མོལ་རེ་བྱ་འདོད་བྱུང་། ལོ་ནས་ལོ་མཐུད་དེ་ལོ་གསར་མི་གཏང་བའི་ལས་འགུལ་འདིས་ང་ཚོར་ཁེ་ཕན་གང་ཡང་ཐོབ་ཀྱིན་མེད། དེ་ཡང་དེའི་སྐོར་ལ་ཁ་གསལ་པོས་གཤམ་གསལ་གནད་དོན་ཁ་ཤས་ལས་བརྩམས་ཏེ་ཅུང་ཙམ་གླེང་། ལོ་གསར་ནི་ལོ་ཧ་ཅང་མང་པོའི་སྔོན་ནས་བརྩི་སྲུང་བྱེད་སྲོལ་ཡོད་པའི་བོད་མིའི་ཐུན་མིན་དུས་ཆེན་ཞིག་ཡིན། བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ལོ་གསར་དགའ་སྟོན་བརྩི་སྲོལ་ཡོད་པར་གསལ་ཡོད། ཕྱིས་སུ་ལོ་མགོ་འཛིན་སྟངས་ལ་འགྱུར་བ་བཏང་མྱོང་ཡོད། དེ་ནི་མ་འོངས་པར་ཡང་གནས་སྟངས་དམིགས་བསལ་ལ་བརྟེན་ནས་འགྱུར་བ་གཏང་མི་ཆོག་པ་ཞིག་མིན། འོན་ཀྱང་ལོ་གསར་གཏོང་སྲོལ་འདི་རྒྱུན་ཆད་མི་བྲ་བའི་དུས་སྟོན་ཡིད་དུ་འོངས་བ་ཞིག་ཡིན། བོད་ལ་ཆོས་ཕྱོགས་ཀྱི་དུས་ཆེན་མང་ཡང་དམངས་ཁྲོད་དུས་ཆེན་མང་པོ་བརྩི་སྲོལ་མེད་ཅིང་ལོ་གསར་འདི་གཅིག་པོ་ནི་ཆོས་སྲིད་དང་འབྲེལ་བ་མེད་པའི་དམངས་ཁྲོད་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། རྒྱས་སྤྲོས་ཆེ་ཞིང་སྤྲོ་སྣང་དོད་པའི་བོད་ཀྱི་ལོ་གསར་ནི་འཛམ་གླིང་ལ་སྙན་གྲགས་ཧ་ཅང་ཆེ་བའི་དམངས་ཁྲོད་དུས་ཆེན་ཞིག་ཡིན། བོད་མི་སུ་ཡིན་ཡང་བོད་ཀྱི་སྐོར་ཞིག་གླེང་དགོས་སྐབས་ལོ་གསར་འདི་སྤོབས་པ་ཆེན་པོས་ཤོད་སྲོལ་ཡོད་ཅིང་། ཕྱིའི་མི་སྣས་བོད་ཀྱི་སྐོར་གླེང་སྐབས་ཀྱང་ལོ་གསར་འདི་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་གླེང་སྲོལ་ཡོད། ལོ་གསར་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཧ་ཅང་མང་པོ་ཞིག་རྒྱུན་འཛིན་ཐུབ་ཀྱིན་ཡོད། དཔེར་ན། བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་སྣ་གཡོས་སྦྱོར། གྱོན་ཆས་གྱོན་སྟངས། གླུ་ལེན་པ། གཞས་གཏང་བ། བྲོ་འཁྲབ་པ། ཤག་འགྱེད་པ། འབེལ་གཏམ་བཤད་པ། དར་མའི་རྩལ་འགྲན་པ། བྱིས་པའི་རྩལ་འགྲན་པ། དངོས་བྱུང་དང་རྟོག་བཏགས་ཀྱི་གནའ་གཏམ་ཤོད་པ། བསང་མཆོད་གཏང་བ། གནའ་བོའི་ལྡེའུ་ཞེས་པའི་ནང་ཕྱོགས་གཏོགས་ཁེད་འཇོག་པ། ཁང་ཁྱིམ་རྒྱན་སྤྲོས་བྱེད་པ། ཡ་རབས་སྤྱོད་པ་ལ་གནས་པའི་དམ་བཅའ་དང་རྟེན་འབྲེལ་སྒྲིག་པ། ལོ་གསར་རྙིང་གི་སྤངས་བླངས་འཆར་འགོད། མགྲོན་པོ་སྣེ་ལེན་བཅས་ཚུད་པའི་བོད་མིའི་ཐུན་མོང་མིན་པའི་སྲོལ་རྒྱུན་རིག་གནས་ཧ་ཅང་མང་པོ་ཞིག་ལོ་གསར་སྐབས་མ་གཏོགས་མཐོང་ཐོས་དཀོན་པ་ཡང་མང་།
    ལོ་གསར་ནི་ང་ཚོའི་གཅིག་གྱུར་མཚོན་བྱེད་ཅིག་ཡིན་པས་ཉམས་མི་རུང་། ལོ་གསར་ནི་ཆོས་སྲིད་དང་མ་འབྲེལ་བའི་དམངས་ཁྲོད་དུས་ཆེན་ཞིག་ཡིན་སྟབས་ཆབ་སྲིད་ཀྱི་འཛིན་སྐྱོང་ལངས་ཕྱོགས་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། ས་མཚམས་ཆུ་མཚམས་ཀྱིས་ཆོད་པའི་ཡུལ་ལུང་གང་ན་གནས་ཀྱང་བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་ཚུད་པའི་མི་སྡེ་ཚང་མས་གཏོང་སྲོལ་རྒྱུན་ཆད་མ་མྱོང་། དུས་ཆེན་འདིས་ནི་འཛམ་གླིང་གི་ཡང་རྩེར་གནས་པའི་མི་རིགས་འདིའི་ཤེས་རིག་དཔལ་ཡོན་གྱི་ཁྱབ་ཚད་དང་ཁྱད་ཆོས་སྟོན་བཞིན་ཡོད་པས་བོད་མི་ཚོས་སྤོབས་པ་ཆེན་པོས་རོལ་བཞིན་ཡོད། ལོ་གསར་འདི་ཆོས་སྲིད་ཀྱི་བྱེད་སྒོ་དང་མ་འབྲེལ་བའི་སྟབས་ཀྱིས་ད་ལྟ་བར་དུ་བོད་ཕྱི་ནང་གང་སར་གནས་པའི་བོད་ཀྱི་ཆབ་འབངས་ཡོད་དོ་ཅོག་གིས་ལོ་གསར་ལ་རོལ་བར་བཀག་རྒྱ་སོགས་མེད་པ་ཙམ་དུ་མ་ཟད་དཔལ་ལྡན་ལྷོ་འབྲུག་གི་ལྗོངས་དང་། གློ་དོལ་ཤར་པ་སོགས་ལྷོ་བལ་གྱི་ཁོངས། མངའ་རིས་སྐོར་གསུམ་གྱི་ནང་ཚན་སྤི་ཏི་སྦལ་ཏི་སོགས་ཧིན་དྷུ་སི་ཐན་དང་པ་ཀི་སི་ཐན་གྱི་ཁོངས་ཚུན་དུ་ཡང་ལོ་གསར་གྱི་དུས་སྟོན་འདི་སྤོབས་པ་ཆེན་པོས་གཏོང་བཞིན་ཡོད། དེ་བཞིན་དུ་ཆོས་ལུགས་ཀྱི་ཆ་ནས་ཀྱང་ཡིད་ཆེས་དད་མོས་གང་ཡིན་ལ་མ་ལྟོས་པར་གངས་ཅན་བོད་ནས་ཆད་པའི་མི་སྡེ་ཚང་མས་དུས་སྟོན་འདི་རྒྱས་སྤྲོས་ཆེན་པོས་རོལ་སྲོལ་ཡོད།
    ལོ་གསར་མི་གཏང་བ་ནི་རིག་གཞུང་རང་སྲེག་ཡིན། འདི་ལྟ་བུའི་དམངས་ཁྲོད་དུས་ཆེན་གཏང་སྲོལ་རྦད་དེ་མཚམས་འཇོག་པའམ་དེ་ཆོས་དང་ཆབ་སྲིད་བྱེད་སྒོ་རྐྱང་པ་ལ་སྒྱུར་དགོས་པའི་བསམ་འཆར་འདོན་པ་ནི་མི་རིགས་ཀྱི་མཚོན་རྟགས་སུ་གྱུར་པའི་སྲོལ་རྒྱུན་རིག་གནས་གལ་ཆེན་རང་གིས་སྲེག་པའི་བྱེད་སྟངས་ཐབས་སྡུག་ཅིག་ཡིན། རང་རེ་ལ་ཆབ་སྲིད་རང་དབང་མེད་པའི་དཀའ་རྙོགས་ཡོད་པ་རྒྱུ་མཚན་དུ་བྱས་ནས་གནའ་བོའི་དུས་ནས་བརྒྱུད་དེ་ཡོང་བའི་ལོ་གསར་གཏོང་སྲོལ་མཚམས་འཇོག་པ་དེ་ནི་རང་གིས་རང་བཞོག་ན་རང་ཕྲ་སྤྱད་དང་། རང་གིས་རང་གཏུབ་ན་རང་ཐུང་སྤྱད་ཟེར་བའི་དཔེ་རུ་གྱུར་ཡོད། ད་དུང་འདི་ལྟ་བུ་ལ་བོད་ཀྱི་གཏམ་དཔེར། ཚིག་པ་ཤིག་ལ་ཟོས། སློག་ཧྲུལ་མེ་ལ་སྲེག་ཟེར་སྲོལ་ཡོད་པ་བཞིན་ཡིན།
    ཆོས་སྲིད་བྱེད་སྒོ་རྐྱང་པས་ལོ་གསར་གྱི་ཚབ་བྱེད་མི་རུང་། ལོ་གསར་ནི་མི་རིགས་ཆེན་པོ་ཞིག་གི་གཅིག་གྱུར་མཚོན་རྟགས་དང་། ནང་མི་མཉམ་འཛོམ། མི་མང་གི་བདེ་སྐྱིད། སྤྱི་ཚོགས་ཀྱི་རེ་སྨོན་མཚོན་པའི་དུས་ཆེན་སྤྱིར་བཏང་བ་ཞིག་ལས་ཆབ་སྲིད་ཀྱི་དགོས་མཁོ་དང་། ཆོས་ལུགས་ཀྱི་དད་མོས་བྱེད་སྒོ་ཕྱོགས་རེ་བ་ཞིག་དང་བསྡུར་ཐབས་གཏན་ནས་མེད། དམངས་ཁྲོད་སྲོལ་རྒྱུན་དེ་དག་ནི་ཆོས་སྲིད་བྱེད་སྒོ་དང་མ་འབྲེལ་བར་རྒྱང་ག་ཚོད་བཀྱེད་ཐུབ་པ་དེ་ཙམ་གྱིས་སྲོལ་རྒྱུན་རིག་གནས་དེ་ཉིད་ཡོངས་ཁྱབ་ཅན་དང་ཡུན་དུ་བརྟན་པ་ལ་ཕན་ཐོགས་ཆེན་པོ་ཡོད། དཔེར་ན། སྔོན་མ་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་དུ་བོད་ཀྱི་ལོ་གསར་གཏང་སྲོལ་ཡོད་པས་ཉིན་དེའི་ཕྱི་དྲོ་ནི་མི་རིགས་ལྔ་བཅུ་ང་དྲུག་གི་སློབ་མ་ཚང་མའི་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་པས་ཚང་མ་ཆང་གིས་བཟི་ཡོད་སྐད། ལོ་གསར་ལ་ཆོས་སྲིད་ཀྱི་བྱེད་སྒོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། དེ་ཡང་བོད་ཀྱི་ཆོས་སྒྲུབ་ཏུ་ཤོག་ཅེས་བོས་ན་ཡོང་མཁན་མང་པོ་མི་རྙེད། བོད་ཀྱི་ཆབ་སྲིད་ལས་འགུལ་ལ་ཞུགས་སུ་ཤོག་ཅེས་བོས་ན་དེ་ལས་ཉུང་ཞིག་ལས་ཞུགས་མཁན་མེད། བོད་ཀྱི་ལོ་གསར་ལ་ང་ཚོས་སྣེ་ལེན་བྱེད་ནུས་ན་ཕལ་ཆེར་འཛམ་གླིང་གི་མི་གྲངས་དུང་ཕྱུར་བདུན་ཅུ་བོ་ཡང་དགའ་བཞིན་སྤྲོ་བཞིན་དུ་བསྡུ་ནུས་པར་ཐག་ཆོད། དྲི་མ་མེད་པའི་སྲོལ་རྒྱུན་རིག་གནས་དེ་ཆོས་དང་ཆབ་སྲིད་ཀྱི་བྱེད་སྒོར་སྒྱུར་བ་དེ་ནི་མིག་རྒྱང་རིང་པོའི་འཐབ་ཇུས་ཤིག་མིན། རང་རེའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དུ་སྒྲོག་བཞིན་པའི་ཚོགས་པ་སྒྲིག་འཛུགས་ཀྱི་ལས་སྣེ་ཁ་ཤས་རེས་མང་ཚོགས་ལ་ལོ་གསར་གཏང་རྒྱུ་ཡིན་མིན་དང་གཏོང་སྟངས་སོགས་ཀྱི་ལམ་སྟོན་བྱེད་སྐད་པ་དེ་ནི་འོས་བབ་གཏན་ནས་མེད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་རང་རེའི་ཚོགས་པ་སྒྲིག་འཛུགས་ཚོས་བོད་མི་དང་བོད་ཀྱི་གྲོགས་པོ་ཚོ་སྤྲོ་སྐྱིད་འདུ་འཛོམས་ཆེད་དུ་ཆོས་སྲིད་ཀྱི་བྱེད་སྒོ་རྐྱང་པ་དང་མ་འབྲེལ་བའི་བོད་རང་གི་སྔར་ཡོད་སྲོལ་རྒྱུན་བསྐྱངས་ཏེ་ལོ་གསར་གཏོང་བའི་མ་དངུལ་ཟུར་བཅད་སོགས་ཐབས་ལམ་སྤྱད་དེ་མཐུན་རྐྱེན་གང་ནུས་སྦྱར་དགོས་པར་སེམས།
    ལོ་གསར་མི་གཏོང་བ་ནི་རྒྱལ་གཅེས་དཔའ་བོ་ཚོའི་རེ་འདུན་མིན། ཉེ་བའི་ལོ་ཤས་རིང་བོད་ཀྱི་རང་དབང་ལས་འགུལ་ལ་ལུས་སྲོག་བཏང་བའི་དཔའ་བོ་མང་པོ་ཞིག་བྱུང་བས་ལོ་གསར་མི་གཏོང་ཟེར་བ་དེ་ནི་དགྲ་དགའ་གཉེན་སྡུག་གི་བྱེད་སྟངས་ཤིག་ཡིན། སྤྱིར་དཔའ་བོའི་གདུང་རྒྱུད་མ་ཆད་པའི་གདོང་དམར་བོད་ཀྱི་ལུགས་སྲོལ་ལ་དཔའ་བོ་གཡུལ་དུ་ཤི་བར་མྱ་ངན་བྱེད་སྲོལ་མེད། གལ་སྲིད་ངའི་ནང་མི་སྤུན་ཉེ་ཞིག་གིས་བོད་སྤྱིའི་རང་དབང་ལས་དོན་ལ་ལུས་སྲོག་ཕུལ་ཐུབ་ཡོད་པ་ཡིན་ན་ངའི་ཁྱིམ་ཚང་གིས་ལོ་གསར་རྒྱས་སྤྲོས་བརྗིད་ཉམས་ལྡན་པ་ཞིག་ལ་རོལ་ངེས་ཡིན། དཔའ་བོ་དཔའ་མོ་ཚོའི་ཐ་ཚིག་ཞལ་ཆེམས་མང་པོ་ཞིག་ཤུལ་དུ་བཞག་པ་དེ་དག་ལས་ཀྱང་བོད་མིའི་མཐུན་སྒྲིལ་གཅིག་གྱུར་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ། མི་རིགས་ཀྱི་ལ་རྒྱ་འཛིན་དགོས་ཚུལ་སོགས་དངོས་སུ་གསལ་ཡོད། ལོ་གསར་ནི་དེ་ལྟ་བུའི་རེ་འདུན་གྱི་མཚོན་རྟགས་གྲུབ་ཆ་གལ་ཆེན་ཡིན་ཚུལ་གོང་དུ་བཤད་པ་ལྟར་ལེགས་པས་ལོ་གསར་མི་གཏང་བ་ནི་དཔའ་བོ་དཔའ་མོ་ཚོའི་དགོངས་བཞེད་དང་རྒྱབ་འགལ་ཡིན་པར་སེམས།
    བོད་ཀྱི་ལོ་གསར་གོ་མ་མྱོང་བའི་བོད་ཀྱི་མི་རབས་གསར་པའི་སྐོར་ཞིག་འཚར་གྱིན་ཡོད། ངའི་གྲོགས་པོ་སྐལ་བཟང་ནི་བོད་ཀྱི་ཆབ་སྲིད་རང་དབང་རྩོད་ལེན་ལ་ཆོད་སེམས་ཆེན་པོ་ཡོད་མཁན་ཞིག་དང་། སྲོལ་རྒྱུན་རིག་གནས་ལ་དད་དུང་བླ་མེད་ཡོད་མཁན་ཞིག་ཡིན། ཁོང་ལ་ལོ་བདུན་དུ་སོན་པའི་བུ་ཞིག་ཡོད། བུ་ཆུང་དེ་ཡང་རིག་པ་གྲུང་ཞིང་གཏམ་བཤད་ལ་མཁས་པ་སོགས་སྙིང་དུ་འབབ་པ་ཞིག་འདུག བུ་ཆུང་དེས་ཕ་ཡུལ་བོད་མཐོང་མ་མྱོང་མོད་བོད་ཀྱི་སྐོར་གླེང་བ་དང་ཉན་པར་དགའ་སྤོབས་ཆེན་པོ་འདུག ཁོས་ང་ལ་བོད་ཀྱི་སྐོར་ཁོ་རང་གིས་གང་ཤེས་པ་ཁ་ཤས་བཤད་བྱུང་། དེར་ངས་ཁོ་ལ་བོད་ཀྱི་དུས་ཆེན་གང་དང་གང་ཤེས་ཞེས་དྲིས། དེར་ཁོས། གསུམ་ཅུའི་དུས་དྲན་དང་ས་ག་ཟླ་བ་གཉིས་བགྲངས་བྱུང་། དེར་ངས། ཁྱོད་ཚོས་གསུམ་ཅུ་དུས་དྲན་ལ་གང་བྱེད་ཅེས་དྲིས་སྐབས་ཁོས་རྒྱ་དམར་གྱི་དར་ཆ་མེ་ལ་སྲེག་ཅིང་ངའི་ཨ་ཕ་ཉིན་དེར་ངུས་ནས་འདུག་གི་རེད་ཟེར། ས་ག་ཟླ་བ་ལ་གང་ཞིག་བྱེད་དྲིས་སྐབས། ཁོས་ཉིན་དེར་མཆོད་མེ་སྦར་དགོས་པ་རེད་ཟེར། དེ་ན་ལོ་གསར་སྐབས་གང་བྱེད་དྲིས་སྐབས་ཁོས་ལོ་གསར་ཟེར་བ་དེ་གཏན་ནས་ཤེས་ཀྱིན་མི་འདུག དེར་ངས་གྲོགས་པོ་སྐལ་བཟང་ལ་དེ་ལུགས་བཤད་སྐབས། སྐལ་བཟང་གིས། རེད་རེད། ལས་ངན་འདི་ཚོར་ལོ་གསར་གྱི་བསོད་ནམས་ཞིག་མེད་པ་རེད། བུ་འདི་ལོ་ན་གཉིས་ལ་སོན་པའི་ལོ་ནས་ང་ཚོས་ལོ་གསར་གཏན་ནས་བཏང་མེད་ཟེར། སྐབས་དེར་ངའི་སེམས་ལ་འཇིགས་སྣང་ཞིག་སླེབས་བྱུང་། ལོ་གསར་གྱི་བསོད་ནམས་མེད་པར་བྱེད་མཁན་དེ་ང་རང་ཚོ་རེད། ང་ཚོས་ཚིག་པ་ཤིག་ལ་ཟོས། སློག་ཧྲུལ་མེ་ལ་བསྲེགས་པའི་དཔེ་ལྟར་བྱས་པ་ལས་གཞན་གང་ཡང་མིན།
    ལོ་གསར་ནི་ནོར་བུ་ཞིག་ཡིན། ལོ་གསར་ལ་རང་རེ་བོད་མི་རྒན་གཞོན་རིས་མེད་ཀྱིས་དགའ་མོས་བྱེད་པ་དང་། སྲོལ་རྒྱུན་ཆོས་སྲིད་ཀྱི་རིག་གནས་གླེང་སར་རྣ་བ་འོན་ནས་བསྡད་ཡོད་པའི་ན་གཞོན་ཀླད་གསར་ཚོས་ཀྱང་ལོ་གསར་འདུ་འཛོམ་ཞེས་པ་དེ་ཐོས་སྐབས་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་དུ་རང་རེའི་ཕོ་གསར་མོ་གསར་སྟག་འདྲ་གཟིག་འདྲ་བ་ཚོའི་གདོང་པ་འཛུམ་གྱིས་གང་ནས་འདུ་ཡོང་བ་དེས་ཀྱང་ལོ་གསར་གྱི་འགུགས་ཤུགས་མཐོང་ནུས། དེ་བཞིན་དུ་བོད་ཀྱི་གྲོགས་པོ་རུ་བརྩི་བའི་ཤར་ནུབ་ཀྱི་མི་སྣ་སུ་ཡིན་ཡང་བོད་ཀྱི་ལོ་གསར་ཞེས་བྱ་ཁུ་ཡུག་གིས་གནམ་ཆུ་སྒུག་པ་བཞིན་བྱེད། མདོར་ན་ང་ཚོའི་ལོ་གསར་ལ་རང་རེའི་བྱིས་པ་རྣམས་དགའ་བ་ཙམ་མིན་པར་བོད་ལོ་གསར་གྱི་མདུན་དུ་འཛམ་གླིང་གི་མི་ཚང་མ་བོད་ཀྱི་བྱིས་པར་བསྒྱུར་ནུས་པའི་ནོར་བུ་ཞིག་ཡིན། བོད་ལ་གྲོགས་པོ་མང་པོ་ཡོད་དོན་དེ་ཡང་ཕྱིའི་མི་མང་པོས་བོད་ལ་ནོར་བུ་ཁ་ཤས་ཤིག་ཡོད་པར་ཡིད་ཆེས་བྱེད། ལོ་གསར་ནི་བོད་ཀྱི་ནོར་བུའི་ཡ་གྱལ་ཞིག་ཡིན། བོད་ཀྱི་ནོར་བུ་འདི་ཚོའི་ནུས་པ་ནི་གཅིག་ཁོ་ན་ཡིན་པར་འདོད། བོད་ཀྱི་ནོར་བུ་དེ་ཚོས་བོད་མི་རང་དང་བོད་མི་ལ་ཁ་འཁོར་ཚད་ཚང་མའི་གདོང་ལ་འཛུམ་མདངས་དབྱུངས་བའི་ནུས་པ་དང་ལྡན་པར་ཡིད་ཆེས་ནས་མི་མང་པོ་ཞིག་བོད་ཀྱི་གྲོགས་པོ་བྱེད་པར་དགའ། དེ་ལྟ་བུའི་ནོར་བུ་ཞིག་མེད་པར་བྱེད་ནི་སྨྱོན་པ་དང་བླུན་པོའི་བྱ་བ་ལས་གཞན་མིན་ཞེས་ངས་མགྲིན་པ་གཟེངས་སུ་བསྟོད་ནས་གླེང་འདོད་བྱུང་།

没有评论:

发表评论